འཁོན་གདུང་ཨ་སངྒྰ་བཛྲ་རིན་པོ་ཆེའི་འཁྲུངས་སྐར་སྲུང་རྩི་གཟབ་རྒྱས་གནང་བ།

སྤྱི་ཟླ་ལྔ་པའི་ཚེས་གཅིག་རེས་གཟའ་ཉི་མའི་སྔ་དྲོར། དཔལ་སྐྱབས་མགོན་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་དང་བདག་ཡུམ་ལྷན་རྒྱས། ཕུན་ཕོའི་གདུང་སྲས་ཨནནྡ་བཛྲ་རིན་པོ་ཆེ་དང་བདག་མོ་འཆི་མེད། གདུང་སྲས་ཛ་ཡ་རིན་པོ་ཆེ་དང་བདག་མོ་ལྷ་མཛེས། ཕུན་ཕོའི་རྗེ་བཙུན་མ་རྣམ་པ་དང་ས་སྐྱ་དགོན་པའི་མཁན་སྤྲུལ་གྲྭ་པ་རྣམ་པ། དགོན་པའི་དབུ་འཛིན་རྣམ་པ་དང་ཆོས་ཚོགས་པ་རྣམ་པས་གཙོས་པའི་འདུས་པ་རྣམས་འདི་ག་ས་སྐྱ་དགོན་པ་བརྩེ་ཆེན་ཀུན་ཁྱབ་མདོ་སྔགས་ཆོས་གླིང་དུ་ལྷན་འཛོམས་ཀྱིས་འཁོན་གདུང་ཨ་སངྒྰ་རིན་པོ་ཆེ་མཆོག་ཕྱི་ལུགས་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་རྩི་གནང་སོང་།

 

 

དེ་ཡང་ཐོག་མར་འདུས་ཚོགས་ཀྱིས་བཅོམ་ལྡན་འདས་མཉམ་མེད་ཐུབ་པའི་དབང་པོས་རང་ཉིད་ཀྱི་རྒྱལ་ཚབ་བསྟན་པ་འཛིན་པར་བཀས་བསྒོས་ཤིང་ཞལ་གྱིས་བཞེས་པའི་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཕྱག་མཆོད་སྨོན་ལམ་གདངས་དབྱངས་སྙན་པོའི་སྒོ་ནས་གསུངས་ཤིང་། དེ་རྗེས་ས་སྐྱ་ཕུན་ཚོགས་ཕོ་བྲང་དང་ས་སྐྱ་དགོན་པ་གཉིས་ཀའི་ངོས་ནས་འཁོན་གདུང་ཨ་སངྒྰ་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་ཆེན་མོར་བརྟན་བཞུགས་མཎཌལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པ་འབུལ་གནང་མཛད་པ་དང་། དེ་རྗེས་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེས་མཛད་པའི་གདུང་སྲས་མཆོག་གི་ཞབས་བརྟན ་གསོལ་འདེབས་གསུང་བཞིན་པའི་ངང་འདུས་ཚོགས་ཡོངས་ནས་སྐུ་པར་ལ་མཇལ་དར་ཕུལ། དེ་རྗེས་འཁོན་གདུང་མཆོག་གི་ཡབ་ཨ་ནནྡ་བཛྲ་མཆོག་གིས་འཁོན་གདུང་ཨ་སངྒྰ་བཛྲ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་ཆེ་བ་ངོ་མཚར་བ་ལས་བརྩམས་ཏེ་འཁོན་གདུང་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཕྱི་ནང་གི་སྐུ་ཡོན་ཁག་ངོ་སྤྲོད་གསལ་ཞིང་རྒྱས་པ་ཞིག་གནང་བ་དང་། དེ་ནས་མཁན་པོ་བྱམས་པ་ལགས་ནས་ཕུན་ཚོགས་ལྔ་ལྡན་གྱི་བཤད་པ་ཚིག་དོན་གང་ཐད་ནས་ཕུན་སུམ་ཚོགས་པ་ཞིག་བོད་ཡིག་སྟེང་ལྗགས་ཀློག་གནང་བ་དང་། དེ་རྗེས་ཨ་རི་བ་སྐུ་ཞབས་སྒྲེ་ཝེ་སྒྲེ་གུ་ཁྲར་སན་ལགས་ཀྱིས་འཁོན་གདུང་རིན་པོ་ཆེ་བལ་ཡུལ་དུ་བཞུགས་པའི་ཉིན་རེའི་མཛད་རིམ་ངོ་སྤྲོད་གནང་གྲུབ་མཚམས། འདི་ག་དགོན་པའི་ཚོགས་གཙོ་ཟུར་བ་ཆེག་པིས་ཀྲར་ལགས་ཀྱིས་ཀྱང་གོང་བཞིན་གདུང་སྲས་མཆོག་གི་ངོ་མཚར་བའི་སྐུ་ཡོན་ཁག་ཅིག་ངོ་སྤྲོད་གནང་རྗེས། ཕྱི་ལུགས་སྐུའི་འཁྲུངས་སྐར་གྱི་མངར་བག་སྟེང་གི་སྣང་གསལ་མར་མེ་ཞལ་འབྱེད་དང་སྦྲགས་ཚོགས་མང་གིས་སྐུ་ཚེ་བརྟན་པའི་སྨོན་ཚིག་གསུངས་པ་སོགས་གྲུབ་རྗེས། སྐྱབས་མགོན་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་ཡབ་སྲས་སྐུ་འཁོར་འདི་གའི་ཚོགས་མི་ལྷན་རྒྱས་དང་བཅས་པས་འཁོན་གདུང་ཨ་སངྒྰ་རིན་པོ་ཆེའི་སྐུའི་འཁྲུངས་སྐར་གྱི་གསོལ་སྟོན་ལ་དགྱེས་རོལ་གནང་སྟེ་མཛད་རིམ་འདི་བཀྲ་ཤིས་ལེགས་ལམ་ཕུན་སུམ་ཚོགས་པའི་ངང་མཇུག་གྲུབ་པའི་གནས་ཚུལ། སྤྲུལ་སྐུ་ཡེ་ཤེས་ཀྱིས་བྲིས།

 

དེ་བཞིན་འཁོན་གདུང་མཆོག་ཨ་སངྒྰ་རིན་པོ་ཆེ་དེང་སྐབས་རྒྱུན་བཞུགས་ཀྱིས་སློབ་གཉེར་གསན་བཞེས་གནང་སའི་བལ་ཡུལ་ཐར་ལམ་ས་བཟང་རྣམ་རྒྱལ་གླིང་དུ་ཡང་འདུས་ཚོགས་ལྔ་བརྒྱ་བརྒལ་བ་ལྷན་འཛོམས་ཀྱིས་འཁོན་གདུང་མཆོག་གི་སྐུའི་འཁྲུངས་སྐར་སྲུང་རྩི་གཟབ་རྒྱས་གནང་འདུག

 

 

༄༅། །ཕུན་ཕོའི་གདུང་སྲས་ཨ་སངྒྰ རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་བཞུགས་སོ།།

མདོ་སྔགས་ཆོས་ཚུལ་ལྷ་ལམ་ཡངས་པོ་རུ། །

མཁྱེན་རབ་ཐོགས་མེད་འདོད་དགུར་དབང་སྒྱུར་ཅིང་། །

གངས་ལྗོངས་རྡོ་རྗེ་འཛིན་པའི་དེད་དཔོན་མཆོག །

སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་ཤོག །

འཁོན་གདུང་ཨ་སངྒྰ་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ལ་དམིགས་ཏེ་སྤྲུལ་སྐུ་ཡེ་ཤེས་ཀྱིས་བྲིས།

 

 

 

 

Mailing List


Receive announcements about special events as well as a weekly email detailing all activities for the coming week.

 

Make a Donation


Help support Sakya Monastery through a donation or by becoming a Member.

 

Dharma Shop


Purchase select books, CDs, and other items at our online Dharma Shop!