Tibetan Content

Requires Microsoft's Himalaya font to view properly.

ཨ་རིའི་ས་སྐྱ་དགོན་པ་རུ་སྐྱེ་རྒུ་མདོའི་ས་ཡོམ་ཁྲོད་གོད་ཆག་ཕོག་པ་ཚོའི་ཆེད་དུ་བསྔོ་བ་སྨོན་ལམ་གནང་བ།

 

Last Updated: Monday, 31 August 2015 16:46

སྐྱབས་མགོན་གོང་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་སྲོག་བླུའི་ མཛད་སྒོར་ཆིབས་སྒྱུར་བསྐྱངས་པ།

 

 

འདི་ཟླའི་ཚེས་བཅུ་གཅིག་རེས་གཟའ་སྤེན་པའི་སྔ་དྲོར། སྐྱབས་མགོན་གོང་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་དང་གདུང་སྲས་ས་དྷུ་རིན་པོ་ཆེ། བདག་མོ་སྐུ་ཞབས་མཆོག་དང་ས་དྷུ་རིན་པོ་ཆེའི་བདག་མོ་དང་སྲས་མོ་རྣམ་པ། ས་དགོན་མཁན་པོ་བྱམས་པ་དང་བླ་མ་མིག་དམར། གུས་པ་སྤྲུལ་སྐུ་ཡེ་ཤེས། ཆོས་ཚོགས་པ་ཁིར་སི་ཁྲིན་ཧོན་ད་སོགས་ས་སྐྱ་དགོན་པ་ནས་བྱང་ཕྱོགས་སུ་རྒྱང་ཐག་རིང་ཙམ་གྱི་སར་ཡོད་པའི་མཚོ་འགྲམ་དུ་ཕེབས་ནས། གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དང་། སྐྱབས་མགོན་གོང་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ། བདག་མོ་སྐུ་ཞབས་མཆོག་སོགས་བསྟན་འཛིན་གྱི་སྐྱེས་ཆེན་གང་ན་སུ་བཞུགས་དག་གི་སྐུ་ཚེ་རིང་ཞིང་མཛད་འཕྲིན་འཕེལ་བ་དང་། ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་དུས་རྟག་ཏུ་མི་ཉམས་གོང་དུ་འཕེལ་བ་དང་། ལུས་ཅན་ཀུན་གྱིས་གནས་སྐབས་སུ་རྣམ་དཀར་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་པ་དང་། མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་འཐོབ་པ་སོགས་ཀྱི་ཆེད་དུ་དམིགས་ནས། མཚོར་གནས་སྲོག་ཆགས་སྡིག་སྲིན་བརྒྱ་དང་བརྒྱད་ཅུ་གྱ་ལྔ་ཚོང་ཁང་ནས་ཉོས་ཡོང་བ་དང་། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་དང་། ཚེ་ལྷ་རྣམ་གསུམ་གྱི་གཟུངས་སོགས་གསུངས་གྲུབ་རྗེས། སྔོན་བྱོན་དང་ད་ལྟར་བཞུགས་པའི་སྐྱེས་ཆེན་དམ་པ་དུ་མས་བསྒྲུབས་གནང་བའི་དམ་རྫས་ཀྱི་ཆུས་སེམས་ཅན་དེ་དག་གི་ལུས་ལ་བྲན་པ་སོགས་གྲུབ་ནས། སྲོག་ཚགས་ཉམ་ཐག་དེ་ཚོར་མི་འཇིགས་སྲོག་གི་སྦྱིན་པ་བསྩལ་ནས་མཚོ་ནང་དུ་མངགས་པ་དང་། རླབས་ཆེན་གྱི་མཛད་རིམ་འདི་གྲུབ་ནས་ཉིན་གུང་བཞེས་ལག་གྲུབ་རྗེས་སྐྱབས་མགོན་གོང་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་སྟོན་འཁོར་ཕྱིར་སེ་ཨ་རོལ་བཞུགས་གནས་སུ་ཕེབས་པ་དང་། གུས་གྲྭ་པ་གསུམ་དང་ཆོས་ཚོགས་པ་འགའ་ས་གནས་དེར་ཡོད་པའི་སྙན་གྲགས་ཅན་གྱི་མེ་ཏོག་ལྡུམ་རྭ་ཞིག་ཏུ་བསྐྱོད་དེ་མཛེས་སྡུག་གི་ས་གདན་ཐང་ལ་བཏིངས་པ་ལྟ་བུའི་ཁ་དོག་སྣ་ཚོགས་ལྡན་པའི་མེ་ཏོག་གི་སྐྱེད་ཚལ་ཉམས་དགའ་བ་དེ་མིག་གི་ལོངས་སྤྱོད་དུ་བསྟར།  

 

Last Updated: Monday, 31 August 2015 16:46

༄༅། །༧སྐྱབས་མགོན་༧གོང་མ་༧བདག་ཆེན་རིན་པོ་ཆེ་མཆོག་གིས་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་བཀའ་དྲིན་བསྩལ་པ།

སྤྱི་ཟླ་གསུམ་པའི་ཚེས་ཉེར་གཅིག་རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོིར། ༧སྐྱབས་མགོན་༧གོང་མ་༧བདག་ཆེན་རིན་པོ་ཆེ་མཆོག་གིས་ཕུན་ཕོའི་གདུང་སྲས་རྣམ་པ་དང་རྗེ་བཙུན་མ་རྣམ་པ། དེ་བཞིན་བདག་མོ་རྣམ་པས་གཙོས་པའི་འདི་ག་ས་སྐྱ་དགོན་པའི་འདུས་ཚོགས་གསར་རྙིང་བརྒྱ་སྐོར་ཞིག་ལ་རྡོ་རྗེ་རྣལ་འབྱོར་མའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་དགྱེས་བཞིན་བསྩལ།

 

དེ་ཡང་ཐོག་མར་སྔོན་དུ་འགྲོ་བ་དཀྱིལ་འཁོར་གྱི་ཁང་བཟང་མཛེས་པར་ཕུབ་པ་དང་བཀོད་ལེགས་ཚར་དུ་དངར་བའི་མཆོད་པའི་དངོས་པོ་དང་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་སོགས་བཤམ་བཀོད་ལེགས་པར་གྲུབ་རྗེས། བདག་ཆེན་རིན་པོ་ཆེ་མཆོག་གིས་བྱིན་རླབས་ཀྱི་སྔོན་འགྲོའི་བདག་བསྐྱེད་རྒྱས་པར་གསུངས་པ་དང་། སློབ་མ་རྣམས་ལྷ་ཁང་ནང་དུ་འདུས་མཚམས་བླ་མའི་ངོས་ནས་གདམས་ངག་ཟབ་མོ་འདིའི་བླ་མ་བརྒྱུད་པ་ངོ་སྤྲོད་དང་གསང་སྔགས་ལུགས་ཀྱི་བླ་མ་བསྟེན་ཚུལ་དང་དམ་ཚིག་བསྲུང་ཚུལ། མདོ་སྔགས་ཀྱི་སྐྱབས་འགྲོའི་ཁྱད་པར། དམ་པའི་ཆོས་ཉན་དུས་སུ་རང་སེམས་བྱིངས་རྒོད་གཡེང་གསུམ་གྱི་དབང་དུ་མི་གཏོང་ཚུལ་སོགས་ཞལ་གསལ་གོ་བདེའི་ངང་ལྷུག་པར་གསུངས་ཤིང་། བར་དུ་དགེ་བ་བྱིན་རླབས་དངོས་གཞིའི་སྐབས་སུ་མཁའ་སྤྱོད་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཟབ་མོ་ལེགས་པར་བསྩལ་ཅིང་། མཐའ་མར་དགེ་བ་རྗེས་བསྔོ་བ་སོགས་ཀྱི་མཇུག་ཏུ་མཐར་བརྟེན་གཏོར་མའི་བྱིན་རླབས་གནང་བ་དང་། ཆོས་ཚོགས་པ་རྣམས་ཀྱིས་༧གོང་མ་བདག་ཆེན་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པར་བཞུགས་པའི་གསོལ་འདེབས་དང་འབྲེལ་མནཌལ་སྐུ་གསུང་ཐུགས་རྟེན་མཇལ་དར་སོགས་ཕུལ་ནས་བཀའ་ཆོས་ཀྱི་མཛད་སྒོ་ལེགས་པར་གྲུབ། 

 

Last Updated: Monday, 31 August 2015 16:46

༄༅། །༧སྐྱབས་མགོན་༧ས་སྐྱ་གོང་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེས་མཆོག་དང་ཆོག་གྲྭ་པ་རྣམ་པས་དཔལ་ཕྱག་ན་རྡོ་རྗེ་འབྱུང་བོ་འདུལ་བྱེད་ཀྱི་སྦྱིན་སྲེག་བླུགས་གནང་མཛད་པ།

ཟླ་གཉིས་པའི་ཚེས་བདུན་རེས་གཟའ་ཉི་མའི་ཉིན་གྱི་ཞོགས་པར། ༧སྐྱབས་མགོན་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་དཔལ་ཕྱག་ན་རྡོ་རྗེ་འབྱུང་བོ་འདུལ་བྱེད་ཀྱི་སྦྱིན་སྲེག་ཆོ་གའི་ཚོགས་དབུར་མ་ཕེབས་སྔོན་དུ། འདི་ག་ས་སྐྱ་དགོན་པའི་སྤྲུལ་སྐུ་ཡེ་ཤེས་དང་མཁན་པོ་བྱམས་པ། ལྷ་རིས་པ་མིག་དམར་གསུམ་གྱིས་ཝེ་སྦེ་མཚོ་གླིང་དུ་ཡོད་པའི་ཏྰ་ར་ཆོས་ཚོགས་ཀྱི་ཉེ་འཁྲིས་སུ་བོད་ལུགས་བཞུགས་གུར་སྤུས་ལེགས་ཕུབ་པ་དང་། ཕྱག་ན་རྡོ་རྗེ་འབྱུང་བོ་འདུལ་བྱེད་ཀྱི་སྦྱིན་སྲེག་གི་དཀྱིལ་འཁོར་ལེགས་པར་བཞེངས་པ་སོགས་སྔོན་དུ་འགྲོ་བའི་སྟ་གོན་གྱི་རིམ་པ་རྣམས་གྲུབ་རྗེས། ༧སྐྱབས་མགོན་༧གོང་མ་༧བདག་ཆེན་རིན་པོ་ཆེ་མཆོག་དང་གདུང་སྲས་ས་དྷུ་རིན་པོ་ཆེ། བདག་མོ་སྐུ་ཞབས་རྣམ་གསུམ་ཆིབ་སྒྱུར་བསྐྱངས་ཏེ་ཆོག་གྲྭ་པ་རྣམས་དང་ལྷན་དུ་འབྱུང་བོ་འདུལ་བྱེད་ཀྱི་བདག་བསྐྱེད་ཆོ་ག་གསུང་སྒྲོག་གནང་གྲུབ་རྗེས་ཉིན་གུང་གསོལ་ཚིགས་སུ་ཕེབས་ཏེ་ཉིན་རྒྱབ་ཆུ་ཚོད་དང་པོ་བར་དུ་ལྷོད་བཞུགས་དང་། དེ་ནས་ཡང་སྐྱར་སྦྱིན་སྲེག་བླུག་སར་ཕེབས་ཏེ་སྦྱིན་སྲེག་ཆོ་ག་མུ་མཐུད་དེ་གསུངས་ཤིང་། ཆོས་ཚོགས་པ་སུམ་ཅུ་སྐོར་དང་དམིགས་བསལ་སྐྱེས་སྨན་ནད་མནར་གྱི་བཟའ་ཚང་གཉིས་བཅས་ཀྱིས་སྲེག་རྫས་རྣམས་གོ་རིམ་དང་མཐུན་པར་མེ་ལྷའི་ཞལ་དུ་ཕུལ་བ་དང་། སྔ་དྲོར་རྟགས་རྟེན་ཆར་སིམ་བབས་པ་དང་། ཕྱི་དྲོར་སྦྱིན་སྲེག་དངོས་གཞིའི་སྐབས་སུ་ཆར་རྒྱུན་ཆད་དེ་མེ་བཀྲ་ཤིན་ཏུ་ལེགས་པ་བྱུང་བའི་དཔེ་མཚོན་ལྟ་བུར་སྦྱིན་སྲེག་གི་མེ་ལྕེ་འདྲ་པར་དུ་བཏབ་པ་ཁག་ཅིག་ལས་མེ་ལྕེ་ཕྱག་ན་རྡོ་རྗེའི་དབྱིབས་ཅན་དང་གོང་མ་རྡོ་རྗེ་འཆང་ཉིད་ཀྱི་སྐུ་བརྙན་ཡང་མེ་ལྕེའི་ཀློང་དུ་རིབ་ཙམ་མཇལ་རྒྱུ་ཡོད་པ་ལྟ་བུ་གང་ཅིའི་ཕན་རླབས་ངོ་མཚར་ཆེ་བ་བྱུང་སོང་བའི་གནས་ཚུལ་དུ།

སྤྲུལ་སྐུ་ཡེ་ཤེས་ཀྱིས།

 

Last Updated: Monday, 31 August 2015 16:46

སྤྱི་ལོ་ཉིས་སྟོང་དགུ་ལོར་༧སྐྱབས་མགོན་༧གོང་མ་༧བདག་ཆེན་རིན་པོ་ཆེ་མཆོག་ཤར་ཕྱོགས་སུ་ཕེབས་པའི་མཛད་རིམ་རགས་བསྡུས།

 

སྤྱི་ལོ་༢༠༠༩ལོའི་སྤྱི་ཟླ་༡༠ཚེས་༢༠ཉིན་བདག་ཆེན་རིན་པོ་ཆེས་ཐེ་པེ་རུ་མཛད་རིམ་སྐྱོང་བཞིན་པ།

 

 

ཚེས་༢༡ཉིན་བདག་ཆེན་རིན་པོ་ཆེས་ཐེ་ཀྲུང་དུ་ཡོད་པའི་ཀ་ཐོག་རིག་འཛིན་ཆེན་མོའི་ཆོས་ཚོགས་སུ་མགོན་དཀར་གྱི་རྗེས་གནང་བཀའ་དྲིན་སྐྱོང་བཞིན་པ།

 

ཚེས་༢༣ཉིན་བདག་ཆེན་རིན་པོ་ཆེས་མཆོག་གིས་ས་གཞི་བྱིན་གྱིས་རློབ་གནང་བཞིན་པ།

 

ཚེས་༢༥ཉིན་བདག་ཆེན་རིན་པོ་ཆེ་མཆོག་གིས་ཀོན་ཡུན་ལྷ་ཁང་དུ་སྤྱན་རས་གཟིགས་ཀྱི་སྒོམ་ཁྲིད་དང་ཀུ་རུ་ཀི་ལིའི་རྗེས་གནང་བསྐུར་གནང་མཛད་པ།

 

ཚེས་༢༨ཉིན་ཚོགས་འཁོར་དང་འབྲེལ་དང་མཁའ་འགྲོའི་གར་འཆམ་གྱི་ཚོགས་དབུར་བཞུགས་པ།

 

ཚེས་༢༩ཉིན་ཚོགས་མཆོད་དང་སྦྱིན་སྲེག་གི་ཚོགས་དབུར་བཞུགས་པ།

 

ཚེས་༣༠ཉིན་ཀརྨ་ཆགས་མེད་རིན་པོ་ཆེས་བདག་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དང་འབྲེལ་བའི་བརྟན་བཞུགས་འབུལ་བཞིན་པ།

 

སྤྱི་ཟླ་༡༡ཚེས་༢ཉིན་བདག་ཆེན་རིན་པོ་ཆེ་མཆོག་ཁམས་སྤྲུལ་རིན་པོ་ཆེའི་སྐུ་འཁོར་དང་ལྷན་དུ་བཞུགས་པ།

 

སྤྱི་ཟླ་༡༡ཚེས་༩་ཉིན་རིན་པོ་ཆེ་མཆོག་གིས་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དུ་བཀའ་སློབ་སྩོལ་གནང་བཞིན་པ།

 

སྤྱི་ཟླ་༡༡ཚེས་༡༣ཉིན་བདག་ཆེན་རིན་པོ་ཆེ་མཆོག་གི་ཧོང་ཁོང་དུ་བོད་མདོ་ཁམས་སྒ་ཡུལ་ནས་བསླེབས་པའི་ན་གཞོན་ཞབས་བྲོ་མཁན་དག་ལ་མཇལ་ཁ་གནང་བཞིན་པ།

 

སྤྱི་ཟླ་༡༡ཚེས་༡༥ཉིན་བདག་ཆེན་རིན་པོ་ཆེ་མཆོག་ཧོང་ཁོང་དུ་ཡོད་པའི་རྒྱ་བླ་མ་ཀན་ཙུའི་ཆོས་ཚོགས་མཧྰ་ཡོ་ག་སི་དྷ་ཞེས་པར་འཁོན་གདུང་ཨ་བྷི་ཥེ་ཏ་དང་རྒྱ་བླ་མའི་ཡང་སྲིད་ལྷན་དུ་བཞུགས་གནང་བ།

 

ཆོས་ཚོགས་མཧྰ་ཡོ་ག་སི་དྷ་ཆོས་ཚོགས་སུ་མི་མང་ལ་མཇལ་ཁ་གནང་བཞིན་པ།

 

སྤྱི་ཟླ་༡༡ཚེས་༡༦ཉིན་བདག་ཆེན་རིན་པོ་ཆེ་སྟོན་འཁོར་སྦྱིན་བདག་ཡེན་སྟེང་ཞལ་དང་ལྷན་དུ་ཉིན་གུང་གསོལ་ཚིགས་སུ་ཕེབས་པ།

 

གནས་མཆོག་ལུམྦྷི་ནིར་བདག་ཆེན་རིན་པོ་ཆེ་མཆོག་གདུང་སྲས་ཨ་བྷ་ཡ་དང་ལྷན་དུ་བཞུགས་པ།

 

ཕུན་ཕོའི་གདུང་སྲས་ཨ་བྷི་ཥེ་ཏ་མཆོག་གིས་བདག་ཆེན་རིན་པོ་ཆེར་བརྟན་བཞུགས་འབུལ་བཞིན་པ།

 

སྒྲོལ་ཕོའི་གདུང་སྲས་སྐུ་གཞོན་གྱིས་བདག་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འབུལ་བཞུགས་བཞིན་པ།

 

ཕུན་ཕོའི་གདུང་སྲས་ཨ་སང་གྷ་མཆོག་གིས་བདག་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འབུལ་བཞུགས་བཞིན་པ།

 

ཕུན་ཕོའི་གདུང་སྲས་ཨ་བྷ་ཡ་མཆོག་གིས་བདག་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འབུལ་བཞུགས་བཞིན་པ།

 

ས་སྐྱ་གོང་མ་རྣམ་གཉིས་དང་གདུང་སྲས་རྣམ་པ་དང་བདག་མོ་རྣམ་པ་དེ་བཞིན་ཞབས་དྲུང་རྣམ་པ་ལྷན་བཞུགས།

 

སྡེ་གཞུང་སྤྲུལ་སྐུས་བདག་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འབུལ་བཞུགས་བཞིན་པ།

 

 

བདག་ཆེན་རིན་པོ་ཆེ་མཆོག་གིས་ས་སྐྱའི་ཞབས་དྲུང་རྣམ་པར་བཀའ་བསྒོ་གནང་བཞིན་པ།  

Last Updated: Monday, 31 August 2015 16:46

 

Mailing List


Receive announcements about special events as well as a weekly email detailing all activities for the coming week.

 

Make a Donation


Help support Sakya Monastery through a donation or by becoming a Member.

 

Dharma Shop


Purchase select books, CDs, and other items at our online Dharma Shop!